བཀའ་བརྒྱུད་དཔེ་མཛོད།

སྲུང་བའི་འཁོར་ལོ་རྨད་བྱུང་བྱང་ཆུབ་སེམས།།

ངོ་སྤྲོད།

༈ རྫོགས་པའི་སངས་རྒྱས་འབྲི་གུང་༧སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོའི་རྒྱལ་ཚབ་བཀའ་དྲིན་ཅན་གྱི་ཐུགས་རྗེ་དང་རྩ་བའི་བླ་མ་༧གྲུབ་དབང་ནུབ་སྤྲུལ་དཀོན་མཆོག་བསྟན་འཛིན་རིན་པོ་ཆེའི་བཀའ་ཡི་བྱིན་གྱིས་རླབས་པ་ལས། སྐྱབས་འོག་པ་གུས་འབྲི་འབར་རྒྱལ་དཀོན་མཆོག་བསྟན་འཛིན་ཉིད་ལ། ཕྱི་ལོ།༡༩༩༣ལོར་༧གྲུབ་དབང་ནུབ་པ་དཀོན་མཆོག་བསྟན་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག འབྲི་གུང་༧ཀུན་མཁྱེན་རིག་འཛིན་ཆོས་ཀྱི་གྲགས་པའི་གསུང་འབུམ་དཔར་སྐྲུན་གྱི་ཕྱག་ལས་བལ་ཡུལ་དུ་གནང་བཞིན་པའི་སྐབས་སྐྱབས་འོག་པ་བདག་ལ་ཐུགས་བརྩེ་ཆེན་པོས་དཔར་སྐྲུན་གྱི་ལས་ཀར་ཞུགས་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་པ་ནས་བཟུང། སྤྱིར་རང་ཉིད་ལ་སྐྱེས་སྦྱངས་ཀྱི་ཡོན་ཏན་གང་ཡང་མེད་ནའང་༧རྩ་བའི་བླ་མའི་བཀའ་སློབ་བཞིན་བསྟན་དང་སེམས་ཅན་གྱི་དོན་དུ་མ་འཇོན་མ་ནུས་བཞིན་དུ་འབད་ཁུལ་བྱས། དེའང་བླ་མ་རིན་པོ་ཆེས་སྐབས་དེར་བཀའ་སློབ་གནང་དོན་ལ། ངོས་ཀྱིས་ཀྱང་གློག་ཀླད་རྩ་ནས་མི་ཤེས་ནའང་༧རྩ་བའི་བླ་མ་འབྲི་གུང་༧སྐྱབས་མགོན་ཡིད་བཞིན་ནོར་བུའི་དགོངས་དོན་སྒྲུབ་ཕྱིར། དབྱིན་ཡིག་སོགས་ཅི་ཡང་མི་ཤེས་ནའང་བྱ་ཁུལ་བྱེད་བཞིན་ཡོད་ན། ཁྱེད་རང་ལོ་ཆུང་བས་རིམ་པས་༧རྒྱལ་བ་འབྲི་གུང་བཀའ་བརྒྱུད་པའི་བསྟན་པའི་ཞབས་ཕྱི་ཞུ་ཐུབ་ངེས་རེད། ཞུ་དགོས་རེད། དེ་ཐུབ་ན་མི་ཚེའི་སྙིང་པོའང་ལོན་པ་རེད། ༧རྩ་བའི་བླ་མའི་བཀའ་ཡང་དེས་བསྒྲུབ་ཐུབ་ངེས་རེད་ཅེས་བཀའ་གནང་བ་གང་སྙིང་བཅངས་ཀྱིས་ལོ་ངོ་བཅུ་ཕྲག་གསུམ་ལྷག་རིང་འབྲི་གུང་བཀའ་བརྒྱུད་ཀྱི་ཡིག་ཆ་དཔར་སྐྲུན་གྱི་ལས་ཀར་མཉམ་བཞུགས་བྱ་རྒྱུའི་བསོད་ནམས་བྱུང༌།

དེ་ཡང་འཕགས་ཡུལ་བྱང་ཆུབ་གླིང་དུ་རྫོགས་པའི་༧སངས་རྒྱས་འཇིག་རྟེན་མགོན་པོའི་བཀའ་འབུམ་ཕྱག་ལས་རིམ་པས་གནང་མཁན་རྣམས་ཀྱིས་འབད་བརྩོན་ལས་བྱུང་བའི་དཔེ་ཆོས་དང༌། མཁས་པའི་དབང་པོ་འབྲི་གུང་ར་སེ་དཀོན་མཆོག་རྒྱ་མཚོ་རིན་པོ་ཆེའི་བཀའ་དྲིན་ལས་བྱུང་བའི་ཕྱག་དཔེ། དེ་བཞིན་སྐྱེས་ཆེན་རྣམས་ཀྱིས་གསུངས་པའི་བཀའ་ཆོས་ཀྱི་སྒྲ་སྒམ། པར་རིགས་སོགས་གང་ཐུབ་ཀྱི་བོད་ཡིག་རྐྱང་པའི་དྲ་མཛོད། མིང་དུ་བཀའ་བརྒྱུད་དཔེ་མཛོད་ཞེས་པ་འདི་བསྒྲིགས་པ་ཡིན། དྲ་མཛོད་འདིའི་དམིགས་ཡུལ་ནི་ལྟ་སྒོམ་སྤྱོད་གསུམ་གྱི་ཡིག་ཆ་རྣམས་ལ་ཉམས་ཞིབ་གནང་བདེར་དམིགས་ཏེ། དམ་ཆོས་དང༌། པར་མཛོད། སྒྲ་མཛོད་གསུམ་གཙོ་བོར་བཟུང་ནས་དགོས་མཁོ་ཅན་ལ་ཕན་ཐབས་ཁོ་ན་ལ་བསམས་ནས་བསྒྲིགས་པ་ཞིག་ཡིན།

བཀའ་བརྒྱུད་དཔེ་མཛོད་བསྒྲིགས་པར་རོགས་བསྐྱོར་གཙོ་བོ་གནང་མཁན་དགེ་བསྙེན་མ་སྒྲོལ་མ་གཡང་འཛོམས་མཆོག་གིས་མཐའ་གཅིག་ཏུ་རོགས་བསྐྱོར་གནང་བ་ལ་བརྟེན་ཐུགས་མཁོ་ཅན་རྣམས་ཀྱི་སྤྱན་ལམ་དུ་ཕུལ་རྒྱུ་བྱུང་བའི་དགེ་བ་བྱང་ཆུབ་ཏུ་བསྔོ།།

གལ་ཏེ་འདིའི་ཐོག་ལ་ད་དུང་འཐུས་ཚང་གི་ལམ་སྟོན་དང་རྒྱབ་སྐྱོར་གནང་མཁན་ཡོད་ན། འདི་ནས་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་དང་ཆབས་ཅིག་གཤམ་གྱི་ཁ་བྱང་ཐོག་འབྲེལ་བ་གནང་རོགས།

འབྲི་གུང་འབར་རྒྱལ་དཀོན་མཆོག་བསྟན་འཛིན། dribargyal konchok tenzin

གློག་འཕྲིན་ཁ་བྱང༌། drikungahma@gmail.com